ཟླ་11ཚེས་30ཉིན་གྱི་སྔ་དྲོ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་གྱིས་ལྷ་སར་ཧྲན་ཏུང་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཀུའོ་ཤིན་ལི་དང་སློབ་སྤྱི་ལི་ཧྲན་ཚའེ་དང་བཅས་པར་བཞུགས་མོལ་གནང་བ་དང་འབྲེལ་ཕྱོགས་གཉིས་པོས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ལ་མིང་རྟགས་འགོད་པའི་དཔང་པོ་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཁྲེན་ཡུང་ཆི་དང་།ཟླ་བ་ཚེ་རིང་།སུན་ཤན་ཀྲུང་།ལང་ཧྥུ་ཁོན།ཏུའུ་ཅན་ཀུང་བཅས་ཞུགས་ཡོད།ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ཧྲན་ཏུང་སློབ་ཆེན་གྱིས་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་དུས་ཡུན་རིང་པོའི་ནང་ཧྲན་ཏུང་སློབ་ཆེན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་།ཚན་རྩལ་གསར་གཏོད།ཤེས་ལྡན་པ་གསོ་སྐྱོང་སོགས་ཁྱབ་ཁོངས་སུ་སྤེལ་རེས་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་དང་ལྷག་པར་དུ་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་མིག་སྔར་བོད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བཞིན་ཡོད། ང་ཚོས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ལས་འགན་ལ་དམིགས་ཏེ་དངོས་ཐོག་བདེན་འཚོལ་དང་།འགན་འཁྲི་འཁུར་ཕོད་པ་བྱས་ནས་མི་འབོར་གྱི་བྱང་ཚད་མཐོར་གཏོང་དང་།མི་སེམས་གཅིག་སྒྲིལ།ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཆེད་འཛད་མཐའ་མེད་པའི་སྒུལ་ཤུགས་མཁོ་འདོན་བྱེད་དགོས། ཧྲན་ཏུང་སློབ་ཆེན་གྱི་ལོ་རྒྱུས་རིང་བ་དང་།རིག་ཚན་ཆ་ཚང་བ།སྟོབས་ཤུགས་དངོས་ཆེ་བ།ཁྱད་ཆོས་མངོན་གསལ་དོད་པ་བཅས་ཡོད་ཅིང་།སློབ་གསོ་པུའུ་ཡི་ཐད་གཏོགས་གཙོ་གནད་ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་ཞིག་ཡིན་པའི་ངོས་ནས་རྒྱལ་ཁབ་ལ་ཕུལ་བྱུང་གི་ཤེས་ལྡན་པ་འབོར་ཆེན་གསོ་སྐྱོང་བྱས་པ་དང་།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཕྱོགས་གཉིས་པོས་ལེགས་ཆ་གསབ་རེས་དང་།ཐོན་ཁུངས་མཉམ་སྤྱོད།གཉིས་ཁེ་མཉམ་ལས།ཐུན་མོང་འཕེལ་རྒྱས་བཅས་ཀྱི་རྩ་དོན་ལ་གཞིགས་ནས་མཉམ་ལས་ཁྱབ་ཁོངས་སྔར་བས་རྒྱ་ཆེར་གཏོང་བ་དང་།མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ།མཉམ་ལས་ཀྱི་རིམ་པ་མཐོ་རུ་གཏོང་བ།གཉིས་ཁེ་གཉིས་ཕན་བཅས་ཡོང་བ་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། སློབ་གྲྭ་དང་ས་ཁུལ་གྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས“ཧྲན་ཏུང་སློབ་ཆེན་བོད་ལྗོངས་ཞིབ་འཇུག་ཁང”གི་འབྲེལ་ཟམ་ནུས་པ་འདོན་སྤེལ་བྱས་ཏེ་ཚན་ཞིབ་རྣམ་གྲངས་གལ་ཆེན་དང་ཤེས་ལྡན་མི་སྣའི་མཉམ་སྐྲུན་མཉམ་སྤྱོད་སོགས་ཀྱི་ཐད་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ལེགས་ཆའི་རིག་ཚན་དང་རྨང་གཞིའི་རིག་ཚན་འཛུགས་སྐྱོང་སོགས་ཀྱི་ཐད་མཉམ་ལས་གཏིང་ཟབ་བྱས་ནས་བོད་ལྗོངས་སློབ་ཆེན་སོགས་མཐོ་སློབ་ཀྱིས་ཁྱད་ལྡན་རིག་ཚན་གཏོད་པ་དང་སློབ་གཉེར་ཆུ་ཚད་མཐོ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས། ཤེས་ལྡན་མི་སྣའི་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་།རིག་སྟོབས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་།ས་གཤིས་བརྟག་དཔྱད།སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་སོགས་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣ་སྔར་ལས་མང་བ་ཞིག་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ནང་ཞུགས་རྒྱུར་འདེམས་མངགས་བྱེད་དགོས། རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་འཐབ་ཇུས་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་ནས་ཕུལ་བྱུང་སློབ་མ་དེ་བས་མང་བ་བོད་དུ་སྐྱོད་པ་དང་།བོད་དུ་གཞི་ཚུགས་པ།སྙིང་སྟོབས་སྦྱོང་བརྡར་བྱེད་པ།འཇོན་ཐང་ཆེ་རུ་གཏོང་བ།བྱས་རྗེས་འཇོག་པ།མེས་རྒྱལ་ལ་དྲིན་ལན་འཇལ་བ་བཅས་བྱ་རྒྱུའི་ལྕག་སྐུལ་བྱས་པ་རེད། བོད་ཀྱིས་འབྲེལ་ཡོད་ལམ་སྲོལ་དང་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ནས་ཤེས་ལྡན་པ་སྣ་ཚོགས་བོད་དུ་འཕེལ་རྒྱས་འགྲོ་རྒྱུར་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་གཏོད་རྒྱུ་ཡིན་པ།
ཀུའོ་ཤིན་ལི་དང་ལི་ཧྲན་ཚའེ་ཡིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཧྲན་ཏུང་སློབ་ཆེན་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ཁོང་གིས་རང་ངོས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་བོད་ཀྱི་དགོས་མཁོར་དམིགས་ཏེ་སློབ་གྲྭ་དང་ས་ཁུལ་གྱི་མཉམ་ལས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་མཐོ་རིམ་སློབ་གསོ་དང་།ཐོན་སློབ་མཉམ་འདྲེས།ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་འདེགས་སྐྱོར་གྱི་ཞབས་ཞུ་ཧུར་ཐག་བསྒྲུབ་རྒྱུ་ཡིན་ཞེས་གསུངས་པ་རེད།